佛七法会,海会云集,善信同归,法缘广布,胜事难逢

中文 | བོད་ཡིག།

འབྲེལ་གཏུག་ང་ཚོ།  

འབྲེལ་གཏུག་བྱེད་མཁན།:ཀྲང་ཅིན་ལི།
འབྲེལ་གཏུགས་ཁ་པར།:0836–7321021
ས་གནས།:སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཏྲེ་ཧོར་ལྕོག་རི་དགོན་པ

ང་ཚོའི་ངོ་སྤྲོད།
ཁྱེད་ཀྱི་མིག་སྔ་འི་སྡོད་གནས།:དྲ་བའི་མདུན་ངོས། > ང་ཚོའི་ངོ་སྤྲོད།

微信图片.jpg

ལྕོག་རི་དགོན་གྱི་ལོ་རྒྱུས་རགས་བསྡུས།

སྤྱི་ལོ་དུས་རབས་བརྒྱད་པ་ཙམ་སྟེ་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་དུ་བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་དེ་ཉིད། པཎ་ཆེན་བི་མ་ལ་མི་ཏྲ་སྟེ་དྲི་མེད་བཤེས་གཉེན་རྒྱ་ནག་ཏུ་ཕེབས་པའི་སྐྱེལ་མ་རུ་རྒྱ་བོད་སོ་མཚམས་ལ་ཕེབས་པར། རྡོ་དཀར་ཧེའི་ཟེར་བའི་ལ་ཁ་དེར་ཕེབས་པ་དང་། ཀླུའི་རྒྱལ་མཚན་ཁོང་གི་སྐུ་ལུས་ལ་འབྲལ་མེད་དུ་བསྣམས་པའི་དད་རྟེན་གཙོ་སྒྲོལ་མའི་སྐུ་བརྙན་ད་ལྟའང་འདིརབཞུགས་པ་དེའི་ཞལ་ནས་ང་འདིར་སྡོད་པ་ལས་དེ་བས་གཞན་དུ་མི་འགྲོ་ཞེས་མངོན་སུམ་དུ་གསུང་འབྱོན་པ་ལ་བརྟེན་ནས་གནས་འདི་དགེ་བར་མཐོང་། ཡུལ་གྱི་སྡེ་དཔོན་ནམ་ཏྲེ་ཧོར་དཔོན་གྱི་ཞལ་བཞེས་དང་མཐུན་རྐྱེན་འོག དཔོན་བླ་ཟུང་གིས་གསང་སྔགས་རྙིང་མའི་ཆོས་རྒྱུད་འཛིན་པའི་དགོན་སྡེ་ཞིག་བཏབ། ནང་རྟེན་སྒྲོལ་མ་གཙོ་བོ་བྱས་མཚན་ལ་ཅོག་རོ་དགོན་ཞེས་མཚན་གསོལ། རྗེས་སུ་ཐུགས་འགྱུར་གྱིས་འབུམ་སྐྱ་བོ་པོད་བཅུ་གཉིས་བཅས་གནང་།

བོད་རབ་བྱུང་བཞི་པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགོན་འདིར་བཞུགས་ནས། རྟེན་ལ་རབ་གནས་ཀྱི་མེ་ཏོག་འཐོར། རྣམ་སྲས་མདུང་དམར་ཅན་ལ་ནོར་ལྷ་རུ་བཀའ་བསྒོས་མཛད། བོད་རབ་བྱུང་དྲུག་པ་འཇམ་མགོན་བླ་མ་ཙོང་ཁ་པ་དབུས་སུ་ཕེབས་སྐབས་དགོན་འདིར་ཕེབས་ནས་རྟེན་མཇལ་མཛད།

བོད་དབུས་འགྱུར་ཞིང་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ལུགས་ཟུང་གི་མཛད་འཕྲིན་༸གོང་ས་ལྔ་པ་ཆེན་པོས་བསྐྱངས་དུས། ཁོང་གི་སློབ་མ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་༸གོང་ས་ལྔ་པའི་བཞེད་དགོངས་བཞིན་རང་ཡུལ་ཧོར་ཁོག་སོགས་སུ་དགེ་ལྡན་པའི་དགོན་པ་བཅུ་གསུམ་འདེབས་པ་ཁས་བླངས།

བོད་རབ་བྱུང་བཅུ་གཅིག་པ་༼༡༦༦༣༽ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ནས་དགོན་སྡེ་བཅུ་གསུམ་འདེབས་པའི་དབུ་འཛུགས་གནང་སྐབས་ལྟ་སྤྱོད་གཙང་མའི་དགེ་ལུགས་པའི་མཚན་སྙན་གྱིས་ཏྲེ་ཧོོར་དཔོན་བློན་འབངས་དང་བཅས་ཡིད་དབང་རབ་ཏུ་ཕྲོགས་ཏེ་ཅོག་རོ་དགོན་འདི་ཉིད་ཧོར་ཆོས་རྗེ་ལ་ཕུལ། དཔོན་བླ་གཉིས་ཐུགས་མཐུན་གྱི་གྲོས་མོལ་ལས་དགོན་འདི་ཉིད་ལྟ་གྲུབ་གཙང་བའི་དགེ་ལུགས་སུ་བསྒྱུར། དགོས་པ་དང་རྟེན་འབྲེལ་ལས་མཚན་ལ་ལྕོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་གསོལ། དུས་དེ་ནས་དགོན་གནས་འདི་ལ་མཆོག་སྤྲུལ་རྣམ་པ་བརྒྱད་དང་། བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་སྐལ་ལྡན། མཁས་པའི་དབང་པོ་རྗེ་བཙུན་འཇམ་དབྱངས་སམ་འཇམ་དབྱངས་གཉིས་པ། དེ་བཞིན་དགེ་བཤེས་དང་སྔགས་རམས་སོགས་གང་མང་ཕེབས་པ་དང་གྲྭ་པ་ཡང་བདུན་བརྒྱ་ཙམ་ཡོད། ༡༩༦༦ ལོར་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་གྱིས་རྟེན་དང་བརྟེན་པ་བཅས་པ། མདོར་ན་དགོན་གཞི་འདི་ཤུལ་ཙམ་དུ་གྱུར། ༡༩༨༣ ལོར་བྲག་འགོ་རྫོང་ནས་དགོན་པའི་ཆོས་སྒོ་ཕྱེ་ཆོག་པའི་གནང་བ་ཐོབ་རྗེས་ཡུལ་དགོན་གཉིས་ཀྱིས་རེ་ཞུ་ལྟར་མཁར་གསར་རིན་པོ་ཆེ་ནས་ཐུགས་འགན་བཞེས་ཏེ། བོད་ཟླ་༦ཚེས་༤ཆོས་འཁོར་དུས་ཆེན་ཉིན་དགོན་པ་བསྐྱར་གསོའི་མགོ་ཚུགས། ༡༩༨༨ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཕེབས་བསུ་ཞུས། དགོན་རྙིང་དུ་ས་རོ་སོགས་གང་ཅིའི་ཐད་དཀའ་ངལ་མང་བས་གནས་སྤོ་རྒྱུའི་གྲོས་མཐུན་བྱུང་བ་ན། མཁར་གསར་རིན་པོ་ཆེས་  རྩ་བའི་བླ་མ་ལ་བཀའ་ལུང་ཞུས་ཏེ་ཏྲེ་ཧོར་ཉིན་ཕྱོགས་གཡང་ཐང་དུ་གནས་སྤོར་མཛད། ༡༩༩༩ ལོར་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལེགས་གྲུབ་བྱུང་བ་དང་། རྗེ་བློ་བཟང་ཕུན་ཚོགས་ནས་དགོན་འདི་ཉིད་ལ་ཆོས་འདུལ་བའི་བཅས་ཁྲིམས་དང་ཆོ་ག་ཕྱག་ལེན་སོགས་སྔར་སྲོལ་བཟང་པོ་ཉམས་པ་སླར་གསོ་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། བྲག་སྲས་སྐུ་ཆུང་བློ་བཟང་ཆོས་གྲགས་རིན་པོ་ཆེས་དགོན་འདི་ཉིད་ལ་དབང་ལུང་དང་དཔལ་འབྱོར་གྱི་མཐུན་རྐྱེན་རྒྱ་ཆེར་གནང་ཡོད་པ་དང་། མཁན་པོ་རིམ་བྱོན་གྱིས་རྒྱུ་ཚེགས་གཉིས་ཀྱིས་གདན་སའི་ལུགས་སྲོལ་བཞིན་སློབ་གྲྭའི་སྒྲིག་འཛུགས་དང་ཤེས་ཡོན་སོགས་ལ་རང་ནུས་གང་ཡོད་ཀྱིས་ཡར་རྒྱས་བཏང་ཡོད་ཀྱང་། འདིར་ཡིག་ཚོགས་མང་བས་མ་བྲིས། དེང་སང་དགོན་འདི་ཉིད་ལ་ཕྱི་ནང་ཀུན་ཏུ་དགེ་བཤེས་བཞི་བཅུ་མ་ཟིན་ཙམ་དང་ལྷ་རམས་པ་བརྒྱད་ཡོད། དེ་བཞིན་སྔགས་རམས་པ་དྲུག་དང་གྲྭ་པ་སུམ་བརྒྱ་ཙམ་ཡོད། ༢༠༡༦ མཁར་གསར་རིན་པོ་ཆེའི་ཐུགས་དགོངས་དང་སློབ་སྟོན་འོག་དགོན་པའི་ལས་སྣེ་ཡོངས་དང་། ལྷག་པར་དུ་ཕྱག་མཛོད་བཅས་ནས་གཙུག་ལག་ཁང་རྙིང་པ་ཉམས་གསོ་དང་དེའི་ཟུར་དུ་གཙུག་ལག་ཁང་གསར་པའི་འཛུགས་བསྐྲུན་གྱི་ཐུགས་འགན་བཞེས་ཏེ། ༢༠༡༨ ལོར་གཙུག་ལག་ཁང་གསར་རྙིང་གི་ཕྱིའི་བཟོ་བཀོད་དང་ནང་གི་སྐུ་རྟེན་སོགས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བར་མ་ཟད། བྱང་ཆུབ་མཆོད་རྟེན་བརྒྱ་དང་ཞེ་ལྔ། དེ་བཞིན་ལམ་ཆེན་དང་ལྕགས་རི་ཁོར་ཡུག་སོགས་ཕྱོགས་ཡོངས་ནས་གསར་བསྐྲུན་ཆེས་ཕུན་སུམ་ཚོགས་པར་བྱས་ཡོད་པ་ཀུན་གྱི་མིག་སྔར་མཐོང་གསལ་ལྟར་རོ། 

2222222.jpg